巴沃法影
第十一世巴滇巴沃仁波切指导下设立的佛法平台

༄༅། ། དཀར་ཟས་སྐོར་ཅུང་གླེང་བ།浅谈素食

作者:巴沃仁波切



微信图片_20181121232350.jpg

2018年11月22日发布于巴沃·法景公众号



དུས་རབས་ཉེར་གཅིག་འདི་ལ་འཛམ་གླིང་ཡོངས་སུ་རྫོགས་པས་མཉམ་གནས་ལ་འབད་རྩོན་དང་།ཞི་བདེར་རེ་འབོད།མཐུན་སྒྲིལ་དོན་གཉེར་བཅས་བྱེད་བཞིན་པའི་དུས་འདིར།འགྲོ་བ་མིའི་རིགས་བར་ཕན་ཚུན་མཐུན་སྒྲིལ་དང་ཞི་བདེར་རོལ་ཐུབ་པ་ཙམ་གྱིས་མཚན་ཉིད་ཡོངས་སུ་ཚང་བའི་ཞི་བདེ་དམ་པ་ཞིག་ག་ལ་བྱུང་བ་ཡིན་ཏེ།མི་ཕུད་པའི་འགྲོ་བ་གཞན་བྱ་ཕག་སོགས་ལའང་བདེ་སྡུག་གི་ཚོར་བ་མི་དང་གཅིག་མཚུངས་སུ་ཡོད་ཀྱང་།མང་དག་ཅིག་གིས་ཉམ་ཐག་པའི་སེམས་ཅན་འདི་དག་གི་སྲོག་ལ་རྒོལ་ནས་བྱུང་བའི་ཤ་ཁྲག་ལ་རྒྱུན་མར་ལོངས་སྤྱོད་པ་ནི།ལྕིད་ཆེ་བའི་གདུག་རྩུབ་ཅིག་ཅི་ལ་མིན།སྲོག་ཆགས་གཞན་གྱི་ཚེ་སྲོག་གི་རིན་ཐང་ཡང་རྩིས་མེད་དུ་སྐྱུར་བ་མ་ཡིན་ནམ།དེ་ལྟར་བསམ་ན།དམར་ཟས་ལ་རོལ་བའི་གང་ཟག་ལ་འདྲ་མཉམ་དང་ཞི་བདེ་གླེང་བའི་ཐོབ་ཐང་ཀྱང་མེད་དོ།ཞེས་པའི་གོ་གཏམ་དེའང་དོན་དམ་རྗེན་གཅེར་དུ་ངོ་སྤྲོད་པའི་ལེགས་བཤད་ཡིན་པར་སྣང་།།


འགའ་ཞིག་གིས་སྲོག་ཆགས་ལ་བདེ་སྡུག་གི་ཚོར་བ་མི་དང་གཅིག་མཚུངས་སུ་ཡོད་པར་མི་འདོད་ཀྱང་།དེ་ནི་ནང་ཆོས་དང་ཚན་རིག་ཐ་ན་འགྲོ་བ་མིའི་མཐུན་མོང་གི་མྱོང་བ་ཀུན་དང་འགལ་བ་ཡིན་ཏེ།སྤྱིར་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་འཇུག་ཡིན་ཕྱིན།རང་རྒྱུད་འཁུལ་བའི་ཉེར་ལེན་དུ་སེམས་ཅན་ཐམས་ཅད་མར་ཤེས་ཤིང་།དྲིན་དྲན་པ།དྲིན་གཟོ་བ་ལ་སོགས་པའི་རྒྱུ་འབྲས་ཀྱི་གདམས་ངག་ཟབ་མོར་ཡང་ཡང་སེམས་ཏེ་བློ་སྦྱོངས་བར་བྱེད་ལ།འཚེ་མེད་ཀྱི་སྤྱོད་པ་ཟབ་མོའི་རྩ་བ་སྙིང་རྗེའང་བདག་གཞན་བདེ་སྡུག་གི་ཚོར་བ་མཉམ་པའི་རྨང་གཞིའི་ཐོག་ལས་སྦྱངས་དགོས།དེ་བཞིན་སྲོག་ཆགས་མཚན་ཉིད་རིག་པ་(TomRegan)གྱིས་ཀྱང་། ཚེ་སྲོག་གི་གཙོ་གཞི།ཞེས་པ་རྩ་བར་བཟུང་སྟེ།ཤེས་ཚོར་དང་ཚོར་བའི་དབང་པོ་ལྡན་པའི་སྲོགས་ཆགས་ཡོད་དོ་ཅོགརང་ལ་དབང་བའི་འཚོ་བའི་དབང་ཚད་ཡོད་པའི་ཚེ་སྲོག་གི་གཙོ་གཞིའི་ཁོངས་སུ་གཏོགས་པར་འདོད་པའི་སྒོ་ནས།སྲོག་ཆགས་ཐམས་ཅད་ལ་འགྲོ་བ་མིའི་རིགས་དང་མཉམ་པའི་བདེ་སྡུག་གི་ཚོར་བ་ཡོད་པར་སྒྲུབ་བོ།ཡང་ཆེས་ལྐུག་པའམ་གླེན་པར་འཇོག་པའི་ཕག་པ་ལ་སོགས་པའི་སྒོ་ཕྱུགས་དག་ལ་མཚོན་གྱི་བསྣུན་ན།འཕག་འཚག་དང་།སྐད་ངན་ཆོ་ངེ་འཇིགས་སུ་རུང་བ་སྒྲོགས་པས་ཐུན་མོང་མྱོང་བའི་སྒོ་ནས་ཀྱང་རྗེས་དཔག་ནུས་སོ།།


དེ་ཕྱིར་སྡིག་ཟས་ཕ་མའི་ཤ་ཁྲག་ལ་ལོངས་སྤྱོད་རྒྱུ་མཚམས་བཞག་ཏེ།དཀར་ཟས་ལ་རོལ་བ་ནི་ཆོས་དང་མཐུན་ཞིང་།བདེ་སྡུག་གི་ཤེས་ཚོར་མི་དང་མཉམ་པའི་སྲོག་ཆགས་འདི་དག་གི་ཚེ་སྲོག་ལ་གུས་ཤིང་བཀུར་བའི་ཐབས་ཉག་གཅིག་ཡིན་པར་དྲན།དེའང་འགའ་ཞིག་གིས་ཤ་རིགས་ཀྱིས་མི་ཡི་གཟུགས་པོར་སྟོབས་བསྐྱེད་ཚུལ།བཅུད་འཕེལ་ཚུལ་སོགས་མང་དག་ཅིག་བཤད་ཀྱིན་འདུག་མོད།དོན་དངོས་སུ་དེ་ལས་ལྡོག་སྟེ།ལུས་ཕུང་བདེ་ཐང་ཁོ་ན་ལ་བསམ་སྟེ་བརྗོད་ན། རྒྱུན་དུ་ཤ་རིགས་ལ་སྤྱོད་མཁན་མང་ཆེ་བ་ལོ་ན་ཆེར་མ་སོན་གོང་ནས་སྙིང་རྩ་དང་ཁྲག་སོགས་དང་འབྲེལ་བའི་ནད།དེ་བཞིན་འབྲས་སྐྲན།གཅིན་སྙིའི་ནད་སོགས་བཅོས་དཀའ་བའི་གཅོང་ནད་དྲག་པོས་མནར་བའི་གནས་ཚུལ་གང་སར་མངོན་གསལ་དུ་ཡོད་པས་མང་པོ་བཤད་པའི་དགོས་པ་མ་མཐོང་།དཀར་ཟས་ལ་རོལ་བའི་གང་ཟག་ཁྲོད།དེ་ལྟ་བུའི་ནད་ན་བའི་ཉེན་ཚད་ཆུང་ཞིང་།ཕྱི་གླིང་པའི་དཀར་ཟས་རིང་ལུགས་ཀྱི་རྒྱབ་སྐྱོར་པ་འགའ་ཞིག་གིས།དཀར་ཟས་ལ་རོལ་བ་ནི་སེམས་ཁམས་བདེ་ཐང་དང་།གཤིས་རྒྱུད་གུ་ཡངས་ཡོང་བ་སོགས་ལ་ཕན་པ་མ་ཟད།ཞེན་ཆགས་ཀྱི་བཏང་འཛིན་ལས་རྒྱལ་བའི་ཐབས་མཆོག་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ།ནུབ་ཕྱོགས་ཀྱི་ནང་ཆོས་རྗེས་འབྲང་པ་དག་གིས་ཀྱང་།དཀར་ཟས་དང་ལེན་གྱི་ལག་བསྟར་དེ་ནི།འཚེ་མེད་བཞི་བདེའི་སྤྱོད་པ་དོན་འཁྱོལ་བྱེད་པའི་ཐབས་བཟང་ཤོས་ཞིག་ལ་ངོས་འཛིན་བྱེད་པའོ།།



微信图片_20181122004814.jpg



དེའང་དཀར་ཟས་ཀྱི་ཡོན་ཏན་ཚན་རིག་ལས་མང་དག་ཅིག་བཤད་ཡོད་ལ།སྟོན་པ་བཀའ་དྲིན་ཅན་གྱིས་ཀྱང་།ལང་ཀར་གཤེགས་པའི་མདོ་ལས།ཤ་ལ་སོགས་པ་སྤངས་བའི་ཕྱིར།།བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན།།ཤེས་རབ་ཅན་དང་ནོར་ལྡན་སར།།དེ་དག་རྣམས་ནི་སྐྱེ་བར་འགྱུར།།ཞེས་སོགས་དཀར་ཟས་ཀྱི་ཕན་ཡོན་རྒྱ་ཆེར་གསུངས་ཤིང་།ངས་ནི་ཤ་དག་རྣམ་པར་སྨད།།སོགས་ཤ་དམར་པོ་ཟ་བའི་མ་རབས་ཀྱི་སྤྱོད་པ་འདི་ནི་མཐར་ཐུག་གི་གོ་འཕང་རིན་པོ་ཆེ་སྒྲུབ་པའི་གེགས་ཆེན་ཞིག་ཏུ་གཟིགས་ཏེ་སྒོ་ཀུན་ནས་སྨད་པར་མཛད་ལ།དེ་ལས་འཕྲོས་ཏེ་མདོ་རྒྱུད་བསྟན་བཅོས་དུ་མའི་ཁྲོད་དམར་སྤངས་དཀར་བླངས་ཀྱི་དགོས་པ་མང་དག་གསུང་ཞིང་།དཔལ་རྒྱལ་བའི་དབང་པོ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་གཙོས་པའི་བསྟན་འཛིན་གྱི་སྐྱེ་བོ་གྲངས་ལས་འདས་པས་དེ་དོན་དུ་བཀའ་མངགས་ལམ་སྟོན་མི་ཉུང་བ་གནང་ཡོད།།


འགའ་ཞིག་གིས།ཤ་ཁྲག་གི་ཟས་སྤངས་བའི་བརྟུལ་ཞུགས་ནི་མུ་སྟེགས་གཅེར་བུ་བས་འདོད་པ་ལས།ནང་པ་སངས་རྒྱས་པའི་ཉམས་ལེན་གྱི་གནས་གཙོ་བོར་མ་འཇོག་ཅིང་།འཇོག་ཀྱང་དོན་ཆུང་ཞིག་ཏུ་འཛིན་ཏེ་གཡབ་ཆུང་ལྟ་བུ་བྱས་པ་ཐོས་རྒྱུ་འདུགདམར་ཟས་སྤངས་པ་ནི་གཅེར་བུ་བའི་འདོད་པ་ཡིན་པ་ནི་བདེན།དེ་ཙམ་དུ་མ་ཟད།ཡེ་ཤུའི་ཆོས་ལུགས་པ་འགའ་ཞིག་ཡང་དེ་དང་འདོད་པ་མཚུངས་ཏེ།དུས་རབས་དྲུག་པའི་སྐབས་གཏན་ལ་འབེབས་པའི་དམ་པ་འབན་ནི་ཐད་ཀྱི་བཅའ་ཁྲིམས།(Rule of Saint Benedict )ཁྲོད་ལུས་པོར་གཅོང་ནད་ཕོག་པ་ལས་གཞན་པའི་ཆོས་པ་ཀུན་དམར་ཟས་སྤྱོད་མི་རུང་བར་གསུངས་འདུག་ལ།ཧིན་དུ་ཆོས་ལུགས་པས་འཚེ་མེད་ཀྱི་སྤྱོད་པར་སློབ་ཕྱིར་དམར་ཟས་སྤངས་པ་ནི་ཀུན་གྱིས་ཤེས་པ་ལྟར་རོ།བདག་ཅག་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འཇུག་པའི་དགོས་པ་ཉག་གཅིག་པོ་ནི་མཐར་ཐུག་གི་དོན་དམ་རྟོགས་པའི་ཆེད་དུ་ཡིན།དེ་ན་སྟོན་པ་བཀའ་དྲིན་ཅན་གྱི་མཐར་ཐུག་དོན་དམ་རྟོགས་པའི་ཐབས་སུ་ཆོས་འཁོར་རིམ་པ་གསུམ་བསྐོར།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས།དེ་དག་ཀུན་གྱི་རྩ་བ་བྱམས་པ་དང་བརྩེ་བ། སྙིང་རྗེ་བཅས་རྒྱ་ཆེར་བསྟན་པ་དེ་དག་དང་འགལ་མེད་ཆོས་མཐུན་དུ་འདུག་ན་དགའ་བས་རྗེས་སུ་ཡི་རངས་པའི་གནས་སུ་ཅི་ལ་མ་འཇོག།ལེགས་བཤད་བྱིས་པའི་ཁ་ལ་ཡོད་ཀྱང་བླངས།།མི་སྙན་བྱུང་ན་གོང་མའི་གསུང་ཡང་བོར།།ཞེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུངས་པ་ལྟར་རོ།བདག་གིས་ནི་གྲུབ་མཐས་བློ་མི་འགྱུར་བའི་མི་སྐྱ་ཚོའི་ཁྲོད་སྲོག་ཆགས་གྱི་སྡུག་བསྔལ་ལ་སྙིང་རྗེ་ནས་དམར་ཟས་སྤངས་བ་དག་ཀྱང་ཕྱག་བྱ་བའི་གནས་སུ་འཇོག་གོདེའང་ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་དམར་ཟས་ལོངས་སྤྱོད་ནས་ནང་པའི་ཆོས་ཀྱི་བྱེ་བྲག་ཅི་ཞིག་ཉམས་སུ་བླངས་རུང་།ཤིང་གི་རྩ་བ་བོར་ནས་ཡལ་ག་བཟུང་བའི་དཔེ་ལྟར་ཆོས་ཀྱི་གནས་གསང་དམ་པ་འཕྱུག་ཟིན་པ་མ་ཡིན་ནམ།མདོར་ན་ཆོས་ནི་མི་འཚེ་བ།།དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།ཞེས་པ་ལྟར་ཐེག་པ་ཆེ་ཆུང་ཀུན་གྱིས་ཉོན་མོངས་ཐན་དུ་བལྟ་ཞིང་།མི་དགེ་བ་བཅུ་པོ་དུག་ལྟར་སྤོང་མཁན་ཤ་སྟག་ཡིན་པས་སེམས་ཅན་གྱི་སྲོག་བཅད་པའི་གནོད་པ་ལས་ལྷག་པའི་འཚེ་བ་ཞིག་མེད་པ་ནི་མྱོང་བས་གྲུབ་ཕྱིར་མཆིང་པོས་ཡིད་བཞིན་ནོར་བུའི་དོད་མི་བྱེད་པར་འཚལ།།



微信图片_20181121232804.jpg



ལས་དང་པོ་པ་དག་ལ་དམར་ཟས་སྤོང་ཚུལ་གྱི་རིམ་པར་རྣམ་གསུམ་དག་པའི་ཤ་འདི་སྐབས་ཤིག་རིང་ཟ་ཆོག་པའི་ཚུལ་དུ་གསུངས་པ་ལ་གོ་ལོག་ཏུ་སོང་ནས།སྟོན་པས་ཤ་ཟ་ཆོག་པའི་ཆོག་མཆན་ཞིག་ཀྱང་གནང་ཡོད་པར་འཁྲུལ་སྟེ།དམར་ཟས་ལ་རོལ་བ་ཇི་སྙེད་ཅིག་བྱུང་ཡོད།དོན་དུ་སྟོན་པས་སོ་ཐར་སྡོམ་པའི་སྐབས་སུ་རྣམ་གསུམ་དག་པའི་ཤ་ཟ་ཆོག་པའི་ཚུལ་དུ་གསུངས་པ་དང་།འདུལ་བའི་ཁྲོད་ཤ་ཟ་མ་རུང་པའི་བཀག་པ་ནན་པོ་མ་གནང་བ་ནི།སྟོན་པའི་རྗེས་འབྲང་དགེ་ཚུལ་སློང་རྣམས་ཀྱི་འཚོ་བ་ནི་བསོད་སྙོམས་ཁོ་ན་ལ་བརྟེན་དགོས་པ་དང་།གསོག་འཇོག་མི་རུང་བར་གསུངས་ཕྱིར།སྦྱིན་པའི་བདག་པོས་གང་གནང་བ་དེ་རང་ལོངས་སུ་སྤྱོད་པ་སོགས་རྒྱུ་རྐྱེན་དུ་མ་ཚོགས་པའི་དབང་གིས།ཤ་རིགས་ཤིག་སྦྱིན་ན་དེ་ལ་མི་འདོད་པ་དང་།མི་རུང་བའི་རྣམ་འགྱུར་གང་ཡང་མེད་པར་བཀའ་དྲིན་ཞུ་བཞིན་ཐད་ཀར་ཟས་ན་ལེགས་པས་སྐབས་ཤིག་མ་བཀག་པར་སྣང།བྱང་སྡོམ་སྐབས་ཀུན་ནས་བཀག་པར་མཛད་པ་ནི།མདོ་ལས། མཐོང་དང་ཐོས་དང་དོགས་པ་ཡི། །ཤ་རྣམས་ཐམས་ཅད་རྣམ་པར་སྨད།།ཤ་ཟན་རིགས་སུ་སྐྱེས་པ་ཡི།།རྟོག་གེ་བ་རྣམས་མ་ཤེས་སོ།།ཞེས་གསུངས་པའི་ཚིག་དོན་ཙམ་ཤེས་པས་ཀྱང་གེགས་མེད་དུ་རྟོགས་ནུས།མ་འོངས་པ་ཡི་དུས་ན་ནི།།ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས།།སངས་རྒྱས་རྣམས་ཀྱིས་བཤད་ཅེས་ཟེར།།ཞེས་སོགས་བསྟན་པའི་ཚིག་དག་མཇལ་བ་ཙམ་གྱིས།དེང་ཤ་ཟས་ཚུལ་མཐུན་གྱི་ཟས་སུ་བཀའ་ཡི་དགོངས་པར་འགྲེལ་བ་དག་གི་ངོ་རིས་ཀྱང་རྟོགས་སོང་བས་སྐབས་ཤིག་བློ་བདེ་ཞེ་ལྷོད་ཀྱི་ཚོར་སྣང་ཞིག་ཀྱང་བྱུང་།དེ་ན་ལུང་དང་རིགས་པ་མང་མོད།དམ་པའི་གནད་གསང་རྟོགས་པར་འདོད་ན་རང་གི་མྱོང་བ་ལ་གཙོ་ཆེར་བསྟེན་དགོས་པ་གལ་ཆེ་བར་གསུངས་པ་ལྟར་།ད་ནས་བཟུང་ཏེ་ཁྱེད་ཀྱིས་གཟའ་འཁོར་རེར་ཉིན་རེར་དཀར་ཟས་ལ་དང་ལེན་དང་།ཡང་ན་ཟླ་རེར་གཟའ་འཁོར་རེར་དཀར་ཟས་འཇུག་པར་གྱིས་དང་།གཞན་དང་མི་འདྲ་བའི་འཆར་སྣང་གསར་པ་དང་།བླ་ན་མེད་པའི་ཕན་ཡོན་ཞིག་ཀྱང་ཐོབ་ངེས། །


སྤྱིར་དམར་སྤངས་དཀར་བླངས་ཀྱི་སྤྱོད་པ་འདི་ཉིད་འཆར་ཅན་གྱི་གདམས་ཁ་ཞིག་ཏུ་འགྱུར་བ་ལ་དཀར་ཕྱོགས་དགེ་བའི་ལས་ལ་དགའ་བའི་སྐྱ་སེར་ཕོ་མོ་ཀུན་གྱི་ལྷོད་མེད་འབད་རྩོན་གནང་དགོས་པ་གལ་ཆེ་ཞིང་།དུས་ཚོད་ཀྱང་ངེས་ཅན་ཞིག་དགོས་པ་ཡིན་ངེས་རེད།མདོར་ན་དམར་ཟས་ལ་སྲེད་པའི་མ་རབས་ཀྱི་གོམས་ལུགས་འདི་ལ་འགྱུར་བཅོས་ཤིག་བཏང་ཨེ་ཐུབ་ཀྱི་འབད་འབུངས་ལ་བསྟེན་ནས།འཚེ་མེད་ཀྱི་སྤྱོད་པ་དང་།གཞན་ཕན་གྱི་སྙིང་སྟོབས།དེ་བཞིན་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་བཏང་སྙོམས་སུ་འཛིན་ནས་གཅེས་སྲུང་བྱེད་པ་སོགས་དོན་ཐོག་ཏུ་འཁྱོལ་དགོས་པ་ནི་འོ་སྐོལ་ནང་པའི་རྗེས་འབྲང་པ་ཀུན་གྱི་འོས་འགན་ཞིག་ཀྱང་ཡིན་པར་འདོད་དོ།།


ཞེས་པ་འདིའང་ཁྲི་གདུགས་ཉི་མ་སྡིག་པའི་ཁྱིམ་ལ་སྤྱོད་པའི་དུས་བོད་ཁུལ་ཐ་གྲུ་ཀུན་ལ་དུས་བཤས་ཟེར་ཉམ་ཆུང་དུད་འགྲོ་མཆི་མ་བཀུ་བའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་སུ་དཔའ་བོའི་མཚན་འཛིན་བཅུ་གཅིག་པ་གཙུག་ལག་སྨྲ་བའི་སྒྲ་དབྱངས་སུ་འབོད་པས་ཤར་མར་སྦྱར་བ་འགྲོ་ཀུན་སྡིག་ཟས་ཕ་མའི་ཤ་ཁྲག་སྤང་པའི་རྒྱུར་གྱུར་ཅིག།།།


巴沃仁波切有关素食的开示


会员登录
登录
其他帐号登录:
我的资料
留言
回到顶部

粤公网安备 44030402002471号