巴沃法影
第十一世巴滇巴沃仁波切指导下设立的佛法平台

《中阴闻即解脱》༧སྐྱབས་རྗེ་དཔའ་བོ་རིན་པོ་ཆེ་མཆོག་ནས་འདོན་གནང་བའི་བར་དོ་ཐོས་གྲོལ།




微信图片_201809122149281.jpg





巴沃仁波切念诵





༄༅། །རྗེ་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་བར་དོའི་ཆོས་བཤད། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བསགས་པའི་ལོངས་སྤྱོད་སྤྱོད་པའི་འཕེན་པ་རྫོགས། །ཉེ་དུ་རྣམས་དང་འགྲོགས་པའི་སྐལ་བཟང་ཟད། །སྔོན་ལས་ཚེ་ཡི་འཕེན་པ་ཀུན་རྫོགས་ནས། །ཁྱོད་ཉིད་གཅིག་པུར་འཇིག་རྟེན་ཕ་རོལ་སོང་། །རྣམ་སྨིན་གདོས་བཅས་ལུས་ནི་ཤུལ་དུ་བོར། །ད་ལྟ་ཡིད་ལུས་བར་དོའི་སྲིད་པར་གྲུབ། །ཟས་དང་སྐོམ་གྱི་དྲི་ཙམ་ཚོར་བའི་ཚེ། །ཕྱོགས་ཀུན་བསྐལ་པའི་མུན་ནག་འཐིབ་པོར་སྣང་། །གཤིན་རྗེའི་སྐྱེས་བུ་འཇིགས་པའི་ཤ་ཚུགས་ཅན། །མི་སྙན་སྒྲ་སྒྲོག་རྩུབ་པའི་མཚོན་ཐོགས་པས། །ཀུན་ནས་བསྐོར་ཞིང་གནོད་འཚེ་དུ་མ་བྱེད། །ས་གཞི་དྲག་འགུལ་རི་ཆེན་ཉིལ་བ་དང་། །རྒྱ་མཚོ་འཁྲུག་དང་ནགས་ཆེན་མེ་ཡིས་འཚིག །འཐོར་རླུང་འཚུབ་མ་དྲག་པོས་གཡེངས་བ་སོགས། །སྣང་ལོག་འཁྲུལ་པའི་འཇིགས་སྐྲག་བསམ་མི་ཁྱབ། །ལུས་རྟེན་མེད་ཕྱིར་ཡིད་ནི་ཕྱ་མ་ཕྱོ། །རླུང་ཤུགས་དྲག་པོས་དེད་པའི་བྱེའུ་བཞིན། །སྡོད་པར་འདོད་ཀྱང་དབང་མེད་ཀུན་ཏུ་འཁྱམ། །ས་ཆེན་རི་དང་ནགས་ཚལ་བཅས་པར་ཡང་། །ལས་ཀྱི་རྫུ་འཕྲུལ་ཐོགས་རྡུགས་མེད་པས་འཇུག །བསམས་པ་ཙམ་གྱིས་སྲིད་པའི་རྩེར་ཡང་ཕྱིན། །སྔོན་གྱི་གནས་དང་མཛའ་ཤེས་ལོངས་སྤྱོད་སོགས། །ཡད་ཡུད་དྲན་པས་སྔོན་གྱི་གནས་སུ་འཁོར། །དེ་ཚེ་རང་གི་ཡོད་བྱད་ལ་སོགས་པ། །གཞན་གྱིས་སྤྱོད་དང་བརྣབ་སེམས་སེམས་པ་དང་། །ཤུལ་ན་མྱ་ངན་དུད་མོ་བྱེད་པ་སོགས། །མཐོང་བས་མྱ་ངན་དྲག་པོས་ཡིད་གདུངས་ཤིང་། །ཤི་བར་ཤེས་ནས་ལུས་རྟེན་འདོད་པའི་ཕྱིར། །ཁམས་གསུམ་ཀུན་དུ་རྨི་ལམ་བཞིན་དུ་འཁྱམ། །གཞན་གྱི་སེམས་དང་སྤྱོད་པ་བསམ་ན་ཤེས། །སྐྱེ་བ་སྔ་ཕྱི་འགའ་ཡང་བརྟགས་ན་དྲན། །ལས་ཀྱིས་ཐོབ་པའི་མངོན་ཤེས་ཕྲ་མོ་ཡོད། །ཚེ་ཚད་ཞག་ནི་བདུན་ཕྲག་རེ་རེ་སྟེ། །སླར་ཡང་བརྫུས་སྐྱེས་ཡིད་ལུས་ཉིད་དུ་འགྲུབ། །འགྲོ་བ་སེམས་ཅན་ཀུན་གྱི་འབྱུང་འཇུག་སྒོ། །སྲིད་པའི་སྐྱེ་གནས་ཀུན་གྱི་སོ་མཚམས་ནི། །ད་ལྟ་སྲིད་པ་བར་དོ་འདི་ཉིད་ཡིན། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་མ་གཏོགས་པ། །དུས་འདིར་ཁྱོད་ཀྱི་མགོན་སྐྱབས་སུ་ཡང་མེད། །ཟས་ནོར་ལོངས་སྤྱོད་མཛའ་གྲོགས་ཀུན་དང་ཡང་། །འགྲོགས་པའི་སྐལ་བ་ཟད་པར་ཤེས་གྱིས་ལ། །དུང་དུང་སེམས་ཀྱི་འབྲེལ་ཐག་གཏིང་ནས་ཆོད། །ཁྱོད་ལུས་བར་དོ་ཡིད་ཀྱི་ལུས་ཡིན་ཏེ། །འབྱུང་བ་བཞི་དང་མཚོན་ཆས་གནོད་མི་ནུས། །འཇའ་ཚོན་རལ་གྲིས་གཏུབ་པར་མི་ནུས་བཞིན། །བསྐལ་པ་འཇིག་པ་དུས་མཐའི་མ་བྱུང་ཡང་། །ཁྱོད་ཀྱི་ཡིད་ལུས་སྟོང་པ་འཚིག་མི་སྲིད། །དེ་ཕྱིར་འཇིགས་ཤིང་སྐྲག་པ་ཁྱོད་མ་བྱེད། །འབྱུང་བའི་སྣང་ལོག་གཤིན་རྗེའི་དམག་ཚོགས་ཀྱང་། །རང་གི་འཁྲུལ་པ་ཙམ་ཞིག་ཁོ་ན་སྟེ། །གཞན་ནས་གནོད་འཚེ་བྱེད་པ་ཁྱོད་ལ་མེད། །འཇིགས་སྐྲག་སྡུག་བསྔལ་མི་དགོས་ཤེས་པ་གློད། །བརྒྱ་བྱིན་ལྷ་ཡི་དབང་པོའི་བདེ་བ་ཡང་། །རྨི་ལམ་བདེ་སྐྱིད་མྱོང་བ་ཙམ་ཞིག་སྟེ། །ཁམས་གསུམ་སྲིད་པའི་གནས་འདིར་འཁོར་ཕྱིན་ཆད། །བར་དོའི་སྡུག་བསྔལ་འདི་འདྲ་བགྲང་ཡས་མྱོང་། །འདི་ཡིས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །སྐྱེ་བའི་སྡུག་བསྔལ་རྣམས་ཀྱི་ཆར་མི་ཕོད། །དེ་བས་སྲིད་པའི་བདེ་ལ་སྨོན་མ་བྱེད། །འགྲོ་འདི་མ་ལུས་རང་གི་ཕ་མ་ཉིད། །དེ་ཀུན་ཀྱང་ནི་སྡུག་བསྔལ་འདི་འདྲས་གཟིར། །སུ་ཡང་བར་དོའི་འཕྲང་རིང་འདི་མིན་པའི། །ལམ་གཞན་དག་ཏུ་ཟུར་ས་ཡོད་མ་ཡིན། །དེ་བས་ནམ་མཁའ་མཉམ་པའི་འགྲོ་བ་ལ། །བྱམས་དང་མི་བཟོད་སྙིང་རྗེའི་མཐུ་དཔུང་སྐྱེད། །བླ་མེད་སངས་རྒྱས་སྒྲུབ་པའི་གོ་ཆ་གྱོན། །མངོན་དགའ་བདེ་བ་ཅན་དང་དགའ་ལྡན་སོགས། །དག་པའིཞིང་དུ་ཡིད་ཀྱི་འདུན་པ་གཏོད། །བླ་མ་དཀྱིལ་འཁོར་ལྷ་དང་བཅས་པ་འདི། །ཁྱོད་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡིན། །འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར། །རེ་ས་གཞན་དུ་མེད་པའི་བློ་གཏོད་ལ། །སྙིང་ནས་སྐྱབས་སུ་གསོལ་བའི་དུས་ལ་བབ།།   །།


公众号/微博:巴沃法影

会员登录
登录
其他帐号登录:
我的资料
留言
回到顶部

粤公网安备 44030402002471号